ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་འཚོག་འགོ་ཚུགས།

2023-01-12 15:45:18

ཝང་ཞའོ་ཧུའེ་ཡིས་འགོ་ཚུགས་ཚོགས་འདུར་གཙོ་སྐྱོང་གནང་བར་མ་ཟད་ཚོགས་ཆེན་འགོ་ཚུགས་པ་ཁྱབ་བསྒྲགས་གནང་། ཧོང་ཆང་གིས་སྲིད་གཞུང་ལས་ཀའི་སྙན་ཞུ་ཕུལ། ཐེན་ཞང་ལི་ཚོགས་ཆེན་ལ་ཞུགས།

  དུས་རབས་གསར་པར་བསྐྱོད་ནས་རྒྱང་སྐྱོད་གསར་པ་གཏོད། སྤྱི་ཟླ་དང་པོའི་ཚེས་11ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་ཁྲེང་ཏུའུ་རུ་འཚོག་འགོ་ཚུགས། སི་ཁྲོན་མི་དམངས་ཁྲི་9100ཡི་མངག་བཅོལ་ཕྲག་ཏུ་ཁུར་བའི་སྐབས་གསར་པའི་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་800ལྷག་གིས་ཅིན་ཅང་ཚོམས་ཁང་དུ་ཁྲིམས་ལྟར་བླ་ན་མེད་པའི་འགན་འཁྲི་ལག་བསྟར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་གྱི་ལེའུ་འབྲི་བར་འཐུས་མིའི་སྟོབས་ཤུགས་ཕུལ་བ་རེད།

ཚོགས་ཆེན་ལ་ཁྱོན་བསྡོམས་འཐུས་མི་880ཞུགས་དགོས་པ་དང་། དངོས་སུ་ཞུགས་པའི་འཐུས་མི་853ཡོད་པས་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན།

  ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་འགོ་ཚུགས་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ཝང་ཞའོ་ཧུའེ་ཡིས་འགོ་ཚུགས་ཚོགས་འདུར་གཙོ་སྐྱོང་གནང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་འགོ་ཚུགས་ཚོགས་འདུའི་ལག་བསྟར་ཀྲུའུ་ཞུ་ཡུས་ལི་ཅུན། ཝང་ཉིང་། ཝང་ཡན་ཧྥེ། ཏེང་ཡུང་། ཝང་དབྱི་ཧོང་། དབྱང་ཧུང་པོ། ཕེང་ལིན། སུང་ཁྲའོ་ཧྭ། ཝང་ཧྥེ། ལིའུ་ཕིང་། ཧོ་ཡན་ཀྲེང་། ཅ་རུའེ་ཡུན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།

ཧོང་ཆང་གིས་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཚབ་མཛད་དེ་ལས་ཀའི་སྙན་ཞུ་ཕུལ། ཐེན་ཞང་ལི་སོགས་ཚོགས་ཆེན་ལ་ཞུགས་པར་མ་ཟད། ཀྲུའུ་ཞི་སྟེགས་བུར་ཞུགས།

སྔ་དྲོའི་ཆུ་ཚོད་དགུའི་སྟེང་། ཝང་ཞའོ་ཧུའེ་ཡིས་སི་ཁྲོན་ཞིང་ཆེན་སྐབས་བཅུ་བཞི་པའི་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་འགོ་ཚུགས་ཚོགས་འདུ་འཚོགས་པར་ཁྱབ་བསྒྲགས་བྱས་ཤིང་། ཚོགས་ཞུགས་མི་སྣ་རྣམས་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།

སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཧོང་ཆང་གིས་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཚབ་མཛད་དེ་ལས་ཀའི་སྙན་ཞུ་ཕུལ། སྙན་ཞུ་ནི་ནང་དོན་བཞིས་གྲུབ་པ་སྟེ། གཅིག་ནི་འདས་པའི་ལོ་ལྔ་དང་2022ལོའི་ལས་ཀའི་ཕྱོགས་བསྡོམས། གཉིས་ནི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་དམིགས་འབེན་དང་ལས་འགན་གཙོ་བོ། གསུམ་ནི་2023ལོའི་ལས་ཀའི་བཀོད་སྒྲིག་དང་བསམ་འཆར། བཞི་ནི་སྔར་ལས་ལེགས་པར་རྒྱང་སྐྱོད་གསར་པའི་སྲིད་གཞུང་གི་འགན་འཁྲི་ཕྲག་ཏུ་ལེན་པ་བཅས་སོ། །

ཧོང་ཆང་གིས་གསུང་རྒྱུར། འདས་པའི་ལོ་ལྔའི་རིང་། སི་ཁྲོན་སྤྱིར་བཏང་མ་ཡིན་པའི་འཕེལ་རྒྱས་ཀྱི་ལམ་བུ་བརྒྱུད་པ་རེད། སྐབས་འདིའི་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས་ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་ཀ་རབ་དང་རིམ་པར་གནང་པའི་མཛུབ་སྟོན་གཙོ་བོའི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དང་ཇུས་ཆོད་དོན་འཁྱོལ་བྱས་ཤིང་། ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་ནས་འཕེལ་རྒྱས་གསར་པའི་འདུ་ཤེས་ལག་བསྟར་དང་། རང་འགུལ་གྱིས་འཕེལ་རྒྱས་གསར་པའི་སྒྲིག་གཞི་ལ་ཞབས་ཞུ་དང་ཟབ་ཞུགས་བྱས་པ་དང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་རྒྱུན་འཁྱོངས་དང་། ནད་ཡམས་འགོག་སྔོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་ལེགས་པོར་བསྡུས་ཤིང་། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་མགོ་ལེགས་པར་བརྩམས་ཐུབ་པ་བྱུང་ནས་དུས་རབས་གསར་པའི་སི་ཁྲོན་གྱི་འཕེལ་རྒྱས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས།

ཧོང་ཆང་གིས་གསུང་རྒྱུར། རྒྱང་སྐྱོད་གསར་པར་ཞུགས་ནས་རྒྱལ་ཁ་གསར་པ་ལེན་པར། དཀའ་ཁག་གདོང་གིས་བསུ་དགོས། ང་ཚོས་ངེས་པར་དུ་སྔར་ལས་ལྷག་པར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུའི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག །དཀའ་གནད་སེལ་སྒྲོལ་དང་འབད་པ་ལྷོད་མེད་ཀྱིས་དཔལ་འབྱོར་སྟོབས་ཆེ་བའི་ཞིང་ཆེན་གྱིས་འགན་འཁྲི་ཆེན་པོ་ཐེག་པའི་འོས་འགན་ལྕི་མོ་ཕྲག་ཏུ་བླངས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་འོས་འགན་འགྲུབ་པར་བྱས་ཏེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྲུན་བྱེད་པར་མཐུན་སྒྲིལ་དང་འབད་བརྩོན་བྱེད་དགོས།

གྲོས་ཚོགས་ཀྱི་གྲོས་རིམ་ལྟར། འགོ་ཚུགས་གྲོས་ཚོགས་ཐོག་སི་ཁྲོན་ཞིང་ཆེན་གྱི་2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་གྱི་གནས་ཚུལ་དང་། 2023ལོའི་འཆར་ཟིན་སྙན་ཞུ། སི་ཁྲོན་ཞིང་ཆེན་གྱི་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་ཟིན། སི་ཁྲོན་ཞིང་ཆེན་གྱི་2022ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ། 2023ལོའི་སྔོན་རྩིས་འཆར་ཟིན་སྙན་ཞུ། སི་ཁྲོན་ཞིང་ཆེན་གྱི་2023ལོའི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱས། །

最新评论

相关推荐