ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་སྨན་ཁང་དུ་སོང་ནས་བློ་མཐུན་ཅང་ཙེ་མེན་ལ་སྐྱེལ་མ་བྱས་པར་མ་ཟད་སྐུ་གདུང་པ་པོ་རི་བོར་སྦྱིན་སྲེག་བྱེད་པར་འགྲོ་བར་སྲུང་སྐྱེལ་བྱས།

2022-12-12 12:38:17

རང་རེའི་ཏང་དང་དམག་དཔུང་། རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་ཁས་ལེན་པའི་དབང་ཟིལ་བླ་ན་མེད་པའི་ཕུལ་བྱུང་འགོ་ཁྲིད་མི་སྣ། རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་པ། རླབས་ཆེ་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་བ། ཆབ་སྲིད་པ་དང་དམག་དོན་པ། ཕྱི་འབྲེལ་པ། ཡུན་རིང་གི་ཉམས་སད་ཐེག་ཐུབ་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་ཕུལ་བྱུང་འགོ་ཁྲིད་པ། ཏང་གི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་རབས་གསུམ་པའི་སྲོག་ཤིང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གསར་གཏོད་བྱེད་མཁན་བློ་མཐུན་ཅང་ཙེ་མེན་གྱི་སྐུ་གདུང་ཚེས་ལྔ་ཉིན་པེ་ཅིང་ནས་སྦྱིན་སྲེག་བྱས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཧན་ཀྲིན། ཚའེ་ཆི། ཏིང་ཞུའེ་ཞང་། ལིས་ཞི། ཝང་ཆི་ཧྲན་སོགས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྨན་ཁང་དུ་སོང་ནས་བློ་མཐུན་ཅང་ཙེ་མེན་ལ་སྐྱེལ་མ་བྱས་པར་མ་ཟད། བློ་མཐུན་ཅང་ཙེ་མེན་གྱི་སྐུ་གདུང་པ་པོ་རི་བོའི་གསར་བརྗེའི་སྤྱི་བའི་དུར་སར་སྦྱིན་སྲེག་བྱེད་པར་སྲུང་སྐྱེལ་བྱས། ཧུའུ་ཅིན་ཐའོ་ཡང་སྨན་ཁང་དུ་སོང་ནས་བློ་མཐུན་ཅང་ཙེ་མེན་ལ་སྐྱེལ་མ་བྱས།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་སྐྱེལ་མ་ཁང་གི་གོང་ཕྱོགས་སུ་བཀལ་བའི་འཕྲེད་རས་ནག་པོའི་སྟེང་བློ་མཐུན་ཅང་ཙེ་མེན་ནམ་ཡང་ནུབ་མི་སྲིད་ཅེས་བྲིས་ཡོད་པ་དང་། འཕྲེད་རས་ཀྱི་འོག་ཏུ་བློ་མཐུན་ཅང་ཙེ་མེན་གྱི་ཚོན་ལྡན་འདྲ་པར་བཀལ་ཡོད། བློ་མཐུན་ཅང་ཙེ་མེན་གྱི་སྐུ་གདུང་མེ་ཏོག་སྣ་བརྒྱའི་ཁྲོད་བཞག་ཡོད་དང་སྐུ་གདུང་སྟེང་ཀྲུང་གོ་གུང་ཁྲན་ཏང་གི་དར་ཆ་དམར་པོ་བཀབ་ཡོད། བློ་མཐུན་ཅང་ཙེ་མེན་གྱི་སྐུ་གདུང་གི་མདུན་དུ་བློ་མཐུན་ཅང་ཙེ་མེན་གྱི་ལྕམ་མོ་ཝང་ཡེ་ཕིང་གིས་ཁྱིམ་མི་ཡོངས་ཁྲིད་དེ་ཕུལ་བའི་མེ་ཏོག་གི་ཕྲེང་བ་བཞག་ཡོད་པ་དང་། མེ་ཏོག་གི་ཕྲེང་བའི་སྟེང་ཁྱེད་རང་ནམ་ཡང་ང་ཚོའི་སེམས་ཁོང་དུ་གསོན་ཞེས་བྲིས། སྐྱེལ་མ་ཁང་ནང་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཧན་ཀྲིན། ཚའེ་ཆི། ཏིང་ཞུའེ་ཞང་། ལིས་ཞི། ཝང་ཆི་ཧྲན། ཧུའུ་ཅིན་ཐའོ་བཅས་དང་ཀྲུང་གུང་ཀྲུང་དབྱང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། དམངས་གཙོ་ཏང་ཁག་སོ་སོ་དང་རྒྱལ་ཡོངས་ཀྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་དམངས་ཚོགས་པ་སོ་སོ། རྒྱལ་སའི་ལས་རིགས་སོ་སོའི་མང་ཚོགས་བཅས་ཀྱིས་ཕུལ་བའི་མེ་ཏོག་གི་ཕྲེང་བ་སྒྲིག་ཡོད།

སྔ་དྲོའི་དུས་ཚོད་བཅུའི་སྟེང་། འདས་མཆོད་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཧན་ཀྲིན། ཚའེ་ཆི། ཏིང་ཞུའེ་ཞང་། ལིས་ཞི། ཝང་ཆི་ཧྲན། ཧུའུ་ཅིན་ཐའོ་སོགས་ཀྱི་བྲང་ཀར་མེ་ཏོག་དཀར་པོ་བཏགས་ཤིང་དཔུང་བར་སེང་ནག་དཀྲིས་ནས་སྐྱེལ་མ་ཁང་དུ་སོང་ནས། བློ་མཐུན་ཅང་ཙེ་མེན་གྱི་སྐུ་གདུང་གི་མདུན་དུ་འགྲེང་ནས་སྐུ་གདུང་ལ་གུས་ཕྱག་གསུམ་ཕུལ་དེ། བློ་མཐུན་ཅང་ཙེ་མེན་ལ་བཅངས་པའི་བླ་མེད་ཀྱི་གུས་འདུད་དང་མྱ་ངན་ཞུས། དེའི་རྗེས། ཞི་ཅན་ཕིང་སོགས་ཀྱི་བློ་མཐུན་ཅང་ཙེ་མེན་གྱི་ལྕམ་མོ་ཝང་ཡེ་ཕིང་དང་ཁོང་གི་ཁྱིམ་མི་ཡོངས་ལ་འཚམས་འདྲི་ཞུས།

དུས་ཚོད་བཅུ་དང་སྐར་མ་ཉི་ཤུའི་སྟེང་། འདས་མཆོད་རོལ་དབྱངས་དང་འགྲོགས་ནས། ཞི་ཅིན་ཕིང་སོགས་ཀྱིས་སྐྱེལ་སྲུང་འོག་བློ་མཐུན་ཅང་ཙེ་མེན་གྱི་སྐུ་གདུང་གདུང་སྐྱེལ་རླངས་འཁོར་སྟེང་བཞག

དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་དང་། འདས་མཆོད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཁོངས་མི་དང་བློ་མཐུན་ཅང་ཙེ་མེན་གྱི་ཁྱིམ་མི་བཅས་ཀྱིས་སྐྱེལ་སྲུང་འོག གདུང་སྐྱེལ་རླངས་འཁོར་ཡུན་གྱིས་པ་པོ་རི་བོའི་སྤྱི་པའི་དུར་སར་བསྐྱོད།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་ནས་པ་པོ་རི་བོའི་ལམ་བར་དུ། རྒྱལ་སའི་ལས་རིགས་སོ་སོའི་མང་ཚོགས་རང་འགུལ་གྱིས་ལམ་རྒྱུད་ཀྱི་འགྲམ་གཉིས་སུ་འདུས་ནས། གུས་སུ་རུང་བའི་བློ་མཐུན་ཅང་ཙེ་མེན་ལ་སྐྱེལ་མ་བྱས་ཏེ། བློ་མཐུན་ཅང་ཙེ་མེན་ལ་བཅངས་པའི་གདུང་སེམས་མཚོན་པར་བྱས།

སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་ལྔ་བཅུའི་སྟེང་། གདུང་སྐྱེལ་རླངས་འཁོར་པ་པོ་རི་བོའི་གསར་བརྗེའི་སྤྱི་པའི་དུར་སར་འབྱོར། ཚོམས་ཁང་ནང་། ཞི་ཅིན་ཕིང་སོགས་དང་བློ་མཐུན་ཅང་ཙེ་མེན་གྱི་ཁྱིམ་མིས་བློ་མཐུན་ཅང་ཙེ་མེན་ལ་ཆེས་མཐའ་མཇུག་གི་ཞལ་གྱེས་གནང་།

དེ་རིང་སྨན་ཁང་དུ་བློ་མཐུན་ཅང་ཙེ་མེན་ལ་སྐྱེལ་མ་བྱེད་པར་ཡོང་བའི་མི་སྣ་ད་དུང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་བློ་མཐུན། བློ་མཐུན་རྒན་པ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣའི་འཐུས་ཚབ། བློ་མཐུན་ཅང་ཙེ་མེན་གྱི་གྲོགས་པོ་བཅས་ཡོད།

༼རིན་ཆེན་མཚོས་བསྒྱུར།༽ 

最新评论

相关推荐