ཞི་ཅིན་ཕིང་ལིས་ཡ་ཏི་རུ་འབྱོར།

2022-12-12 12:37:52

ས་དེའི་དུས་ཚོད་ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ནས་ལིས་ཡ་ཏི་རུ་འབྱོར། ཁོང་སོ་ཏི་ཨ་རབ་རྒྱལ་པོའི་རྒྱལ་ཁབ་ཀྱི་རྒྱལ་པོ་སཱ་ལེ་མན་གྱིས་གདན་དྲངས་པ་ལྟར། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་རྩེ་ཚོགས་སྐབས་དང་པོ་དང་ཀྲུང་གོ་དང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྩེ་ཚོགས་ལ་ཞུགས་རྒྱུ་མ་ཟད། སི་ཏོ་ཨ་རབ་ལ་རྒྱལ་དོན་འཚམས་འདྲི་མཛད་རྒྱུ་རེད།

ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་སོ་ཏི་ཨ་རབ་ཀྱི་མཁའ་དབྱིངས་སུ་ཐོན་རྗེས། སོ་ཏི་ཨ་རབ་ཀྱི་མཁའ་དམག་གིས་འཐབ་འཛིང་གནམ་གྲུ་བཞི་མངགས་ནས་སྲུང་སྐྱོབ་བྱས། ཆེད་བཏང་གནམ་གྲུ་ལིས་ཡ་ཏི་ཡི་བར་སྣང་དུ་ཐོན་རྗེས། སོ་ཏི་ཨ་རབ་ཀྱི་གླག་རྒོད་ཅེས་པའི་གུས་ལུགས་སྲུང་སྐྱོབ་གནམ་གྲུ་དྲུག་གིས་འཕུར་གྲོགས་བྱས།

ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་ལིས་ཡ་ཏིའི་ཧ་ལིས་ཏི་རྒྱལ་པོའི་གནམ་གྲུ་ཐང་དུ་ཐོན་པ་ན། སོ་ཏི་ཨ་རབ་ཕྱོགས་ཀྱི་གཟབ་རྒྱས་ཆེ་ཞིང་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ། གནམ་གྲུ་ཐང་ནས་གུས་ལུགས་སྒྱོགས་སྒྲ་ཉེར་གཅིག་གྲགས་པ་དང་། གུས་ལུགས་དམག་མི་ལོགས་གཉིས་སུ་གྲལ་སྟར་བསྒྲིགས་པ་དང་། ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་ལྷབ་ལྷུབ་ཏུ་བསྐྱོད། སོ་ཏི་ཨ་རབ་ཀྱི་ལིས་ཡ་ཏི་ཞིང་ཆེན་གྱི་ཧྲིན་ཀྲང་གོང་མའི་སྐུ་ཉེ་ཧྥེ་སཱ་ཨར་དང་། ཕྱི་འབྲེལ་བློན་ཆེན་གོང་མའི་སྐུ་ཉེ་ཧྥེ་སཱ་ཨར། ཀྲུང་གོ་དང་འབྲེལ་བའི་དོན་ཆེན་གྱི་བློན་ཆེན་ལུའུ་མཱེ་ཡན་སོགས་གོང་མ་ཚང་གི་ཁོངས་མི་གལ་ཆེན་དང་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས།

ཞི་ཅིན་ཕིང་གིས་ཡིག་ཐོག་གི་གསུང་བཤད་གནང་ནས། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབས་མཛད་དེ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་སོ་ཏི་ཨ་རབ་བར་འབྲེལ་བ་བཙུགས་ནས་ལོ་སོ་གཉིས་ལོན་པའི་རིང་ལ། ཕྱོགས་གཉིས་ཀྱི་འཐབ་ཇུས་ཡིད་ཆེས་རྒྱུན་མ་ཆད་པར་སྲ་བརྟན་དུ་སོང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། ལྷག་པར་དུ་ཉིས་སྟོང་བཅུ་དྲུག་ལོར་རྒྱལ་ཁབ་གཉིས་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་རྗེས། རྒྱལ་པོ་སཱ་ལེ་མན་དང་ངེད་གཉིས་ཀྱིས་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བ་ཡུན་རིང་བོར་གོང་དུ་སྤེལ་བར་སྣེ་ཁྲིད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ས་ཁུལ་གྱི་ཞི་བདེ་བརྟན་འཇགས་དང་དར་རྒྱས་གོང་འཕེལ་ལ་ཡང་ཡར་སྐུལ་ཆེན་པོ་བྱས་ཡོད། འཚམས་འདྲིའི་སྐབས་སུ། ངས་རྒྱལ་པོ་སཱ་ལེ་མན་དང་གོང་མའི་སྐུ་ཉེ་མུའུ་ཧན་མོ་ཏི་གཉིས་གར་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་ཏེ། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བའི་གོང་འཕེལ་ཁ་ཕྱོགས་ལ་མཉམ་དུ་འཆར་འགོད་བྱ་རྒྱུ་ཡིན། ངས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་རྩེ་ཚོགས་སྐབས་དང་པོ་དང་ཀྲུང་གོ་དང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྩེ་ཚོགས་ལ་ཞུགས་ཏེ། ཨ་རབ་རྒྱལ་ཁབ་དང་མཚོ་ཁུགས་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་མཉམ་དུ། ཀྲུང་གོ་དང་སོ་ཏི་ཨ་རབ་དང་ཀྲུང་གོ་དང་མཚོ་ཁུགས་རྒྱལ་ཁབ་བར་གྱི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཏེན་ཞུའེ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན་ཝང་དབྱི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧི་ལིས་ཧྥིན་སོགས་འགྲོ་རོགས་མི་སྣ་མཉམ་དུ་སོ་ཏི་ཨ་རབ་ལ་ཐོན།

སོ་ཏི་ཨ་རབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲིན་ཝེ་ཆིན་ཡང་གནམ་གྲུ་ཐང་དུ་བསུ་མར་ཐོན།

最新评论

相关推荐